དགའ་ས་ཚྭ་ཆུའི་སྐོར།

དགའ་ས་ཚ་ཆུ་འདི་ རྫོང་ཁག་ལྟེ་བ་ལས་མར་ཁ་ཐུག་རྐང་བཙུགས་སྟེ་དུས་ཡུན་ཆུ་ཚོད་ ༢ དེ་ཅིག་གི་ས་ཁར་ མོ་ཆུའི་ཉེ་འདབས་ལུ་ཆགས་ཡོདཔ་ཨིན། ཨིན་རུང་ ལོ་དག་པ་ཅིག་གི་ཧེ་མ་སྣུམ་འཁོར་ལམ་གྱི་མཐུན་རྐྱེན་བཟོ་ཡོདཔ་ལས་ ལོ་བསྟར་བཞིན་མི་སྟོང་ཕྲག་ ༨༠༠༠ ཙམ་ཚྭ་ཆུ་བངས་པར་འོང་དོ་ཡོདཔ་ཨིན། 

ཚྭ་ཆུ་འདི་རང་བཞིན་གྱི་སྨན་/གཏེར་རྫས་མ་འདྲཝ་ལེ་ཤ་ཡོདཔ་ལས་ རྐང་ཚིགས་ལག་ཚིགས་ན་མི་ རུས་ཚིགས་ན་མི་ རྨ་ཡོད་མི་ ཕོ་དྲོད་ན་ཚ་ཡོད་མི་ པགས་ཀོ་གི་ནད་གཞི་ཡོད་མི་ བད་ཀན་ནད་གཞི་དང་ གཞན་ན་ཚ་ཚུ་ལས་དྲག་དོ་ཡོདཔ་དང་ གཟུགས་ཁམས་བདེ་ཏོག་ཏོ་འོང་ཨིན། 

ཚྭ་ཆུ་འདི་ནང་ མི་དམངས་མཐུན་རྐྱེན་ཚུ་མ་ཚང་ཚངམ་སྦེ་ཡོད་པའི་ཁར་ དབང་པོ་སྐྱོན་ཅན་ཚུ་གིས་དོན་ལུ་ མགྲོན་ཁྱིམ་དང་ སྐུ་འཁོར་དང་ཆེས་མཐོའི་འགོ་དཔོན་ཚུ་གི་དོན་ལུ་ ཆུ་རྫིང་སོ་སོར་སྦེ་ར་ཡོདཔ་ཨིན། གཞན་མི་དམངས་ཀྱི་དོན་ལུ་ཆུ་རྫིང་ ༧ ཡོདཔ་དང་ཆུའི་དྲོད་ཤུགས་དང་སྨན་གྱི་ཕན་ཁུངས་ཚུ་ཡང་སོ་སོར་ཡོདཔ་ཨིན། 

མི་དམངས་མགྱོན་ཁྱིམ་གི་བཅའ་ཡིག་དང་སྒྲིག་གཞི།

༡/ ཁང་མིག་གི་ལྡེ་མིག་ཚུ་ཚྭ་ཆུ་འཛིན་སྐྱོང་ཡིག་ཚང་ལས་ ཉེན་སྲུང་དམང་དངུལ་བཏབ་ཐོག་ལེན་དགོཔ་ཨིན། དེ་ཡང་ ག་དེམ་ཅིག་སྦེ་བྱ་སྟབས་མ་བདེ་བར་མགྱོན་ཁྱིམ་ནང་སྡོད་མ་ཚུགས་པ་ཅིན་དངུལ་ལོག་སྤྲོད་ནི་ཨིན།

༢/ མགྱོན་ཁྱིམ་ནང་བཞུགས་མི་ཚུ་གིས་ མཐུན་རྐྱེན་ལོག་སྤྱོད་འབད་ནི་ལས་འཛེམ་དགོཔ་དང་ གལ་སྲིད་གནོད་སྐྱོན་རེ་རྐྱབ་ཡོད་པ་ཅིན་ ཉེན་སྲུང་མ་དངུལ་ལས་བཏོག་ནི་ཨིན།

༣/ མགྲོན་ཤག་ཚུ་ནང་ མེ་དང་ཆུ་ལ་སོགས་པ་མ་བཏུབ་པ་ཅིན་ དབང་ཚད་སྤྲོད་ཡོད་མི་ལས་གཡོགཔ་ཚུ་ཞིབ་དཔྱད་འབད་ནི་ཨིན།

༤/ མགྱོན་ཁྱིམ་ནང་བཞུགས་མི་གིས་ རང་སོའི་ཕྱགས་སྙིགས་ཚུ་ ཕྱགས་སྙིགས་ཧོད་ནང་བླུག་དགོཔ་དང་ འཐུས་ཤོར་མི་ཚུ་ལུ་ཉེས་ཆད་དངུལ་ཀྲམ་ ༥༠༠ རེ་བཀལ་ནི་ཨིན། 

༥/ དུས་ཡུན་ཚང་སྦེ་མགྱོན་ཁྱིམ་ནང་ལས་ཐོན་མ་འགྱོ་བའི་ཧེ་མ་ ཁང་མིག་ཧིང་སངས་ས་བཞག་དགོ་པའི་ཁར་ ཚྭ་ཆུ་འཛིན་སྐྱོང་པ་ལུ་རྩིས་ལེགས་ཤོམ་སྦེ་སྤྲོད་ཐོག་ ཁང་གླ་ཡང་སྤྲོདཔ་ད་ ཁྱེད་ཀྱི་འབྱོར་རྟགས་འཐོབ་ཚུགསཔ་ཨིན། 

༦/ ཚྭ་ཆུ་མགྱོན་ཁྱིམ་ནང་བཞུགས་པའི་རིང་ལུ་ གཟའ་སྤེན་པ་ཨ་རྟག་ར་ དྲོ་པ་ཆུ་ཚོད་ ༩-༡༡ ཚུན་འཕྱག་སྙིགས་འཐུ་ནི་གིས་ཉིནམ་ཨིན། 

༧/ ཨམ་སྲུ་ཚུ་ཟླ་ཁྲག་འོང་བའི་དུས་ཚོད་ནང་ ཚྭ་ཆུ་བངས་མ་ཆོགཔ་ཨིན།

༨/ ཕྱིར་ཐོན་དུས་ཚོད་འདི་ཡང་ ཉི་མ་ཆུ་ཚོད་ ༡༢ ལུ། 

ཁ་གསལ་གྱི་དོན་ལུ ཚྭ་ཆུ་འཛིན་སྐྱོང་པ་གི་འགྲུལ་འཕྲིན་ཨང་ ༡༧༤༥༨༠༣༤ ནང་འབྲེལ་བ་མཛད་གནང་།

ཚྭ་ཆུ་ནང་མཐུན་རྐྱེན་གཞན་ཡང་།

༡/ ངལ་འཚོའི་ཁང་མིག།་(Rest room) 

མི་དམངས་ཞབས་ཏོག་གི་དོན་ལུ་མགྱོན་ཁྱིམ་ལས་འཁོར་ལམ་བདའ་སྟེ་ ཚྭ་ཆུ་ཚུན་ངལ་འཚོའི་ཁང་མིག་ ༣ ཡོདཔ་མ་ཚད་ རྒན་ཤོས་དང་དབང་པོ་སྐྱོན་ཅན་གྱི་དོན་ལུ་ཚྭ་ཆུ་རྫིང་གི་ཉེ་འདབས་བཟོ་སྟེ་ཡོདཔ་ཨིན། འདི་ཡང་ཏི་རུ་སྤྲོད་མ་དགོ་པར་ རིན་མེད་སྟོང་པ་སྦེ་ཕུལཝ་ཨིན། 

༢/ གྲྭ་ཚང་གི་མགྱོན་ཁྱིམ། 

དགའ་ས་རབ་སྡེ་གི་འགོ་འདྲེན་ཐོག་མགྱོན་ཁྱིམ་ཁང་མིག་བཞི་སྦེ་ དབྱེ་ཁག་གཉིས་བཟོ་སྟེ་ཡོད་མི་ནང་ ཆབ་གསང་དང་ཐབ་ཚང་མཉམ་སྦྲགས་ཐབ་ཚང་གི་ཅ་ཆས་དང་གདན་ཚུ་བཙུགས་ཏེ་ཡོདཔ་ཨིན། ཨིན་རུང་ དབྱེ་ཁག་གཉིས་པ་ནང་ གཞན་ག་ར་ཅོག་འཐདཔ་ཡོད་རུང་ཐབ་ཚང་གི་ཅ་ཆས་མེདཔ་ཨིན།

༣/ འཕོ་སྐྱོད་སྡོད་སྒར། (transit camp)

འཕོ་སྐྱོད་སྡོད་སྒར་འདི་ གཙོ་བོ་ར་ཆེས་མཐོའི་འགོ་དཔོན་ཚུ་ གཞུང་དོན་གྱི་དོན་ལུ་དགའ་ས་རྫོང་ཁག་ནང་འབྱོནམ་ད་ཨིན། འདི་ཡང་ ཚྭ་ཆུ་གི་ལྟག་ལུ་སྒྲིང་ཁྱིམ་ཐོག་གཅིག་སྦེ་ཡོདཔ་ཨིན།

༤/ གྲོས་བསྟུན་ཁང་། (conference hall)

དགའ་ས་ཚྭ་ཆུ་ནང་མགྱོན་ཁྱིམ་དང་གཞན་མཐུན་རྐྱེན་མ་བརྩི་བར་ གྲོས་བསྟུན་ཁང་ཡོད་མི་འདི་ཡང་ རྒྱལ་ཁབ་ནང་འཁོད་ཀྱི་མི་མང་ལས་སྡེ་གང་རུང་གྲོས་བསྟུན/ཞལ་འཛོམས་འཚོག་ནིའི་གོ་སྐབས་བྱིན་ནིའི་དོན་ལུ་ཨིན། 


 

༥/ གནས་ཁང་།

ཚྭ་ཆུ་གི་ཆོས་སྲུང་ དོན་གྲུབ་ནོར་བཟང་གི་གནས་ཁང་འདི་ སྤྱི་ལོ་ ༢༠༡༥ དབྱིན་ཟླ་ ༡༠ པའི་དབྱིན་ཚེས་ ༠༧ ལུ་ འབྲུག་རྒྱལ་བཞི་པ་མཆོག་དགུང་ལོ་ ༦༠ བཞེས་པའི་འཁྲུངས་སྐར་དུས་སྟོན་དང་འབྲེལ་ རྒྱལ་ཡུམ་ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་སྒོ་འབྱེད་མཛད་གནང་ཡོདཔ་ཨིན།  དེ་ཡང་ ཚྭ་ཆུ་བངས་པར་འོང་མི་ཚུ་ཆོས་སྐྱོང་སྲུང་མ་ལུ་ ཕྱག་དང་མཆོད་པ་ཕུལ་སའི་རྟེན་སྦེ་བཞེངས་གནང་གནངམ་ཨིན་མས།

༦/ ཚོང་ཁང་།

ད་ལྟོའི་གནས་ཚད་ཁར་ དགའ་ས་ཚྭ་ཆུ་ནང་ཚོང་ཁང་ལྔ་ཡོདཔ་དང་། རང་བཞིན་སོ་ནམས་ཚོང་ཁང་གཅིག་ ཚྭ་ཆུ་ཉེ་འདབས་ལུ་བཙུགས་ཏེ་ཡོདཔ་ཨིན། རང་བཞིན་སོ་ནམས་ཚོང་ཁང་ལས་ རང་བཞིན་གྱི་ཚོད་བསྲེ་རིགས་དང་ སྒོ་ནོར་ཐོན་སྐྱེད། ཨོམ་དང་དར་ཚི་ཚུ་ གོང་ཚད་རན་ཏོག་ཏོ་སྦེ་ཐོབ་ཚུགསཔ་ཨིན།